You are on page 1of 8

སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ།

སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ་ལས། དང་པོ་ལ། བདག་གཞན་ངོ་སྤྲོད། བྱ་བྱེད་ཐ་མི་དད་པའི་ལས་ཚིག་ངོ་སྤྲོད།


དུས་གསུམ་ངོ་སྤྲོད། བྱ་བྱེད་ལས་གསུམ་ངོ་སྤྲོད། སྐུལ་ཚིག་ངོ་སྤྲོད་བཅས་ལས།
དང་པོ་དངོས་པོ་བདག་གཞན་ངོ་སྤྲོད་ནི། གངས་རིའི་ཁྲོད་ཀྱི་སྨྲ་བའི་དབང་ཕྱུག་རྣམས་ཀྱིས་བདག་གཞན་ལ་བཞེད་སྲོལ་དང་ངོས་འཛིན་
བྱེད་སྟངས་མི་འདྲ་བ་བྱུང་ཡོད་དེ། སྔ་དུས་ནས་ཀྱང་བདག་གཞན་ནི་བྱེད་པ་པོ་དང༌། བྱ་བ་གཉིས་སོ་སོར་བདག་གཞན་དུ་འདོད་མཁན་
ཡང་བྱུང་ཡོད་དེ། དཔལ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། བདག་ནི་བྱེད་པ་པོ་མིང་རྐྱང་གཉིས་ལ་ངོས་འཛིན་མཛད་པ་དང༌། གཞན་ཞེས་
པ་ནི་བྱ་བ་དང་དུས་གསུམ་ལ་ངོས་འཛིན་མཛད། དེ་བཞིན། དུས་དང་དངོས་པོ། མིང་དང་བྱ་བ་བཅས་སོ་སོར་ཡོད་པ་རྣམས་ལས། དངོས་
པོ་ལ་བདག་གཞན་གཉིས་སུ་ཕྱེ་བ་དང༌། བདག་ནི་བྱེད་པ་པོ་དང༌། གཞན་བྱ་བར་བཞག
དེ་བཞིན་དངོས་པོ་བདག་གཞན་ནི་བྱ་བྱེད་ཀྱི་ལས་གཉིས་སོགས་ལ་ངོས་འཛིན་མཛད་མཁན་ཡང་སྣང་སྟེ། རྣམ་གླིང་པཎ་ཆེན་མཆོག་
གིས་བདག་གཞན་གཉིས་ལས་གཞན་ནི། བྱ་བའི་ཡུལ་དང་དེ་ལ་ཡོད་པའི་ལས་གཉིས་ཀར་བཞག་ཡོད་པ་ཚིག་ངོས་སུ་གསལ་མོད།
དཔེར་བརྗོད་ལ་བརྟག་དུས་དེ་དོན་ཇི་བཞིན་ཐོན་ཡོད་མེད་བཤད་དཀའ་ཙམ་མཆིས་ཀྱང༌། དོན་ལ་དེ་བཞིན་ཞལ་གྱིས་བཞེས་པར་གསལ།
བདག་ནི་བྱེད་པ་པོ་ལ་ཡོད་པའི་ལས་ཡིན་པར་བསྟན། འདི་ལྟའི་ངོས་འཛིན་མཛད་ཚུལ་ནི། ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་གིས་ཤན་
མ་ཞུགས་པར། བོད་ཀྱི་ལས་ཚིག་དང༌། ཐོན་མིའི་གསུང་གཉིས་གཤིབ་བསྡུར་བྱས་ནས་གསུངས་པ་ཞེ་གཅིག་ཏུ་སྣང་བས་ལེགས་བཤད་
དུ་འཛིན་དགོས་པར་སྣང༌། འོན་ཀྱང་དེང་གི་དུས་ཀྱི་བདག་གཞན་ངོས་འཛིན་མཛད་པའི་ཆར་མཐུན་མིན་གང་ལྟར་ཡང༌། འདི་དག་ནི་ཀུན་
མཁྱེན་སི་ཏུས་བདག་གཞན་ངོས་འཛིན་མཛད་པའི་རྩ་བའི་རྨང་གཞིར་བཟུང་ཡོད་པ་དང༌། བརྡ་སྤྲོད་རིག་པའི་འཕེལ་རིམ་ཡང་གསལ་བས་
ཞིབ་ཏུ་དཔྱད་པ་རིགས་པ་འཕེལ་བའི་རྒྱུ་རུ་ངེས་སོ། །
དེ་བཞིན་པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གིས། དངོས་པོ་བདག་གཞན་གཉིས་ལས་གཞན་གྱི་དངོས་པོ་ནི། བྱ་བའི་ཡུལ་ལ་ངོས་འཛིན་
མཛད་པ་དང༌། བྱ་ལས་ནི་གཞན་དང་འབྲེལ་བའི་ལས་ཡིན་པ་དང༌། དེ་ཡང་བསྡུས་ན་གཞན་ཁོངས་སུ་འདུས་པར་བསྟན། དེ་བཞིན་བདག་
གི་དངོས་པོ་ནི། བྱེད་པ་པོ་ཡིན་ཞིང༌། བྱེད་ལས་ནི་བདག་དང་འབྲེལ་བའི་ལས་ཡིན་ལ། དེ་ཉིད་ཀྱང་བསྡུས་ན་བདག་ཁོངས་སུ་འདུས་པར་
གསུངས། གནས་ཚུལ་འདིའི་ཐོག་ནས་དེང་གི་བདག་གཞན་ངོས་འཛིན་མཛད་སྲོལ་ཇི་བཞིན་ངོ་འཕྲོད་ཡོད་པ་ཤིན་ཏུ་གསལ་ཏེ། དཔེར་
བརྗོད་རྣམས་ལ་བརྟག་དུས་དངོས་པོ་བདག་གཞན་འཇོག་དགོས་དོན་ཡང་རྟོགས་པར་ནུས། དེ་ཡང་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་
དགའ་བའི་བློ་གྲོས་ཀྱིས། བྱེད་པ་པོ་དང༌། བྱེད་པ་དང༌། བྱེད་པའི་ལས་རྣམས་དངོས་པོ་བདག་དང༌། བྱ་བའི་ཡུལ་ཤིང་དང༌། བྱ་བའི་ལས་
ཤིང་དུམ་བུར་བཅད་པའི་ཆ་དངོས་པོ་གཞན་དུ་འཇོག་པའོ། །ཞེས་གསུངས་པ་འདིས་པྲ་ཏིའི་བདག་གཞན་བཞེད་ཚུལ་ཇི་བཞིན་གསུངས་
འདུག་པས། གནས་ཚུལ་དེའི་ཐོག་ནས་བདག་གཞན་ཞིབ་ཏུ་ངོ་འཕྲོད་ངེས་པ་དང༌། དེ་ཉིད་དེང་སྐབས་བདག་གཞན་ངོས་འཛིན་མཛད་ཚུལ་
དེ་ཉིད་ཡིན་ཏེ། ཀུན་མཁྱེན་སི་ཏུའི་ཞལ་ནས། ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་
དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང༌། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་
གཞན་ཞེས་བྱའོ། །ཞེས་གསུངས། སྐབས་འདི་དང་གོང་དོན་གཉིས་གཅིག་ཏུ་སྣང་བ་དང༌། དེ་ལ་ཀུན་མཁྱེན་སི་ཏུས་བདག་གཞན་གྱི་དབྱེ་
གཞི་ནི་བྱ་བྱེད་ཐ་དད་པའི་ལས་ཡིན་པ་དངོས་སུ་བསྟན། འོན་ཀྱང་པྲ་ཏིས་ཀྱང་གཞུང་ཚིག་ལ་ཟིན་མིན་ཙམ་ལས་དཔེར་བརྗོད་དང༌། གསུང་

1 སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
སྟངས་ལ་གཞིག་ན་བྱ་བྱེད་ཐ་དད་པའི་ལས་ཁོ་ན་ལ་དགོངས་པ་གསལ་བར་བརྟེན། བདག་གཞན་གྱི་དབྱེ་བ་འཇོག་དགོས་དོན་ཡང་ཞོར་དུ་
ར་འཕྲོད་ངེས་སུ་སྣང༌།
དེ་ལ་བརྟེན་ནས་བདག་གཞན་གྱི་ཁྱད་པར་བཤད་པ་ལ། ཐོག་མར་བདག་གཞན་གཉིས་སུ་དབྱེ་བའི་བྱ་བའི་གཞི་ངོས་འཛིན་རྒྱུ་ནི་
གལ་ཆེ། བདག་གཞན་གཉིས་སུ་དབྱེ་བར་བྱ་བའི་གཞི་ནི་བྱ་བྱེད་ཐ་དད་པའི་ལས་ཡིན་ཞིང༌། དེར་ཀུན་མཁྱེན་སི་ཏུས་བྱེད་པ་པོ་གཞན་དང་
འབྲེལ་བའི་ལས་ཞེས་ཀྱང་བརྗོད། གང་ལྟར་བྱེད་པོ་གཞན་འབྲེལ་ལམ་བྱ་བྱེད་ཐ་དད་པའི་ལས་གང་ཡིན་པ་དེ་ལ་དངོས་པོ་བདག་གཞན་གྱི་
དབྱེ་བ་ཡོད་ཀྱང༌། བྱ་བྱེད་ཐ་དད་པའི་ལས་ཡིན་ན་དངོས་པོ་བདག་གཞན་ཡིན་པའི་ངེས་པ་མེད་དེ། བྱ་བྱེད་ཐ་དད་པའི་ལས་ཀྱི་འདས་པ་
དང༌། ཚིག་གྲོགས་ཀྱིས་བསྒྱུར་བའི་བྱ་བྱེད་ཐ་དད་པའི་ལས་ཚིག་གི་མ་འོངས་པ་དང༌། ད་ལྟ་བ་གཉིས་ཀྱང་དངོས་པོ་བདག་གཞན་གང་
ཡང་མིན། དེས་ན་བྱ་བྱེད་ཐ་དད་པའི་ལས་ཡིན་ན་ཁྱོད་ལ་བདག་གཞན་གྱི་དབྱེ་བ་འབྱེད་དུ་རུང་བས་ཁྱབ་ཀྱང༌། ཁྱོད་ཉིད་དངོས་པོ་བདག་
གཞན་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར། དངོས་པོ་བདག་ནི་བྱ་བྱེད་ཐ་དད་པའི་ལས་ཀྱི་བདག་བྱེད་པ་པོའི་དངོས་པོ་དང༌། བྱེད་པ་པོར་
ཡོད་པའི་ལས་ཏེ། བྱ་བྱེད་ཀྱི་ལས་གཉིས་ལས་བྱེད་པའི་ལས་ནི་བདག་གི་ཁོངས་སུ་སྡུད། འོན་ཀྱང་འདིར་བདག་ཁོངས་ཀྱི་ཆོས་གསུམ་
ཞེས། བྱེད་པ་པོའི་དངོས་པོ་དང༌། བྱེད་པ། བྱེད་ལས་གསུམ་འཇོག་མཁན་ཡང་མཆིས། དཔེར་ན། ཤིང་བཅད་པའི་ལས་ལྟ་བུར་མཚོན་ན།
ཤིང་མཁན་ནི་གཅོད་པ་པོའི་དངོས་པོ་དང༌། གཅོད་བྱེད་ཀྱི་སྟ་རེ་ནི་བྱེད་པ་ཡིན་ལ། དེ་བཞིན་བྱེད་པ་པོའམ་བྱེད་པ་གཉིས་སུ་སྣང་བའི་རྩོལ་
བའི་རྣམ་འགྱུར་དེ་ལ་བྱེད་ལས་ཟེར། དེ་གསུམ་བདག་ལ་འདོད། དེ་དག་མཚོན་བྱེད་ལ། གཅོད་པ་པོ། གཅོད་བྱེད། གཅོད་པར་བྱེད་ཅེས་སུ་
བརྗོད་པ་ཡིན་པས་དེ་དག་ལ་དངོས་པོ་བདག་ཅེས་ངོས་འཛིན་མཛད་པ་ནི་ཐོན་མིའི་དགོངས་པ་དང་མཐུན་པར། དེང་གིས་མཁས་པ་རྣམས་
ཀྱི་མགྲིན་དབྱངས་གཅིག་ཏུ་སྣང༌།
དེ་བཞིན་དངོས་པོ་གཞན་ནི། བྱ་བའི་ཡུལ་གྱི་དངོས་པོ་དང༌། དེ་ལ་ཡོད་པའི་ལས་གཉིས་ལ་ངོས་འཛིན་མཛད། དཔེར་ན། གཅད་བྱའི་
ཤིང་དང༌། གཅད་པར་བྱ་བ། གཅད་པར་བྱ་གསུམ་ནི་གཞན་ཁོངས་ཀྱི་ཆོས་གསུམ་ཞེས་ཀྱང་བརྗོད། སྐབས་འདིར་གཅད་བྱའི་ཤིང་དང༌།
གཅད་བྱ་ཞེས་གཉིས་སུ་དབྱེ་བའི་སྐབས་སུ་འདི་ལྟར་ངེས་དགོས་ཏེ། གཅད་བྱའི་ཤིང་ཞེས་པ་ནི་བྱ་བའི་ཡུལ་དང༌། གཅད་བྱ་ཞེས་པ་ནི་
གཅད་པར་བྱ་བའི་རྣམ་འགྱུར་གསལ་སའི་གཞི་གང་ཡིན་པ་དེ་ལ་འཇོག དེས་ན་གཅད་བྱའི་ཤིང་དང་གཅད་བྱ་ཞེས་གཉིས་སུ་དགར་བ་
ཙམ་ལས་དོན་ལ་གཅིག་ཡིན་མོད། འོན་ཀྱང་གཅད་བྱའི་ཤིང་གི་སྟེང་ན་གཅད་པའི་རྣམ་འགྱུར་གསལ་མོད། དེ་ཉིད་ཅུང་ཟད་རགས་ཏེ། ང་
ཚོས་དུས་རྒྱུན་གྱི་འཚོ་བའི་ནང་དུ་སྟ་རེས་བསྣུན་ས་གང་ཡིན་པ་དེར་བསྣུན་ས་ཞེས་བརྗོད་པ་དང་མཚུངས། སྐབས་དེའི་བསྣུན་ས་ཞེས་པ་ནི་
གཅད་བྱ་ཡིན་ཞིང་དེ་ཉིད་གཅད་བྱའི་ཤིང་གི་ཆ་ཤས་ཤིག་ཡིན་པར་ངེས་ཤེས་འདྲེན་རྒྱུ་གལ་ཆེ། དེས་ན་གཅད་བྱའི་ཤིང་ནི་བྱ་བའི་ཡུལ་གྱི་
དངོས་པོ་དང༌། གཅད་བྱ་ནི་གཅོད་བྱེད་ཀྱི་ཁ་གཏད་ཡིན་ལ། གཅད་པར་བྱ་ནི་བྱ་ལས་གསལ་བྱེད་ཡིན་པས། དེ་དག་ལ་དངོས་པོ་གཞན་
ཞེས་བརྗོད།
དེ་ལྟར་དངོས་པོ་བདག་གཞན་གྱི་དབྱེ་བ་འབྱེད་དོན་ཅི་ཡིན་ཞེ་ན། འདི་ལ་རྟགས་འཇུག་གི་གཞུང་མང་ཆེ་བར་རྣམ་པ་འདྲ་མིན་ཅི་
རིགས་ཤིག་སྣང་སྟེ། ཀུན་མཁྱེན་སི་ཏུས། གཞུང་འདིར་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་བདག་གཞན་གྱི་དབྱེ་བ་ཟུར་
དུ་མཛད་པ་ཡིན་ཞིང༌། དེའི་ཞར་ལ་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་བསྡུས་པ་ཡིན་
ནོ། །ཞེས་གསུངས་པ་འདི་ཉིད་ཕྱིས་སུ་བོད་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་བདག་གཞན་དབྱེ་བ་ཤེས་དགོས་པའི་དོན་དུ་གསུངས་ཀྱང༌།

2 སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
གཞུང་ངོས་སུ་གསལ་བའི་དོན་དང་འགལ་བར་སྣང༌། གཞུང་ངོས་སུ་བདག་གཞན་ཞེས་ཟུར་དུ་དབྱེ་བ་མཛད་པ་ནི་སྔར་གསུངས་ཀྱི་དོན་དེ་
ཉིད་བཞག་པ་ལས། བདག་གཞན་ཤེས་དགོས་པའི་དོན་དུ་གསུངས་མེད་པ་གསལ། དེས་ན་བདག་གཞན་ཤེས་དགོས་པའི་དོན་དང༌།
བདག་གཞན་ཤེས་ན་ཕན་རླབས་གང་ཡོད་མེད་ནི་ཞིབ་ཏུ་བསམ་གཞིག་བྱ་དགོས། དེ་ལ་བསམ་གཞིག་མ་བྱས་པའི་སྔོན་དུ་བདག་གཞན་
དབྱེ་བ་འབྱེད་སའི་གཞི་གང་ཡིན་དང༌། དེ་ལ་དེ་ལྟར་དབྱེ་བ་ཕྱེ་བས་དགོས་པ་གང་བྱུང་གཉིས་ཀར་བསམ་དགོས། བདག་གཞན་གྱི་དབྱེ་བ་
འབྱེད་པའི་གཞི་ནི་བྱ་བྱེད་ཐ་དད་པའི་ལས་ཡིན་པ་དང༌། དེ་ལྟར་དབྱེ་བའང་བྱ་བྱེད་ཐ་དད་པའི་ལས་ཀྱི་རྣམ་འགྱུར་ཇི་བཞིན་མངོན་གསལ་
དུ་ཡོང་བར་བྱ་བ་ལས་གཞན་གང་ཡང་མིན། གནད་འགག་འདི་ཉིད་ཕར་གཏུགས་ནས་བཤད་ན་འདི་ལྟར་ཡིན་ཏེ། བྱ་བྱེད་ཐ་དད་པའི་དོན་
གང་ཡིན་ཞེས་དྲིས་ན། ལན་དུ་བྱེད་པ་པོའམ་བྱེད་པ་དང༌། བྱ་བའི་ཡུལ་གཉིས་སོ་སོར་ཡོད་པ་མ་ཟད། བྱ་བྱེད་ཀྱི་ལས་གཉིས་ཀྱི་རྣམ་
འགྱུར་ཡང་སོ་སོར་གསལ་བ་ཞིག་ལ་བྱ་བྱེད་ཐ་དད་པའི་ལས་ཞེས་བརྗོད་པ་ཡིན་ཞེས་ལན་འདེབས་རྒྱུ་ལས་མ་དམིགས། གནས་ཚུལ་
འདིའི་ཐོག་ནས་བདག་གཞན་གྱི་དབྱེ་བ་འབྱེད་དོན་དང༌། བདག་གཞན་ཤེས་དགོས་དོན་གཉིས་ར་འཕྲོད་ཐུབ་སྟེ། བྱ་བྱེད་ཐ་དད་པའི་ལས་
གང་ཡིན་ལ་དེ་ཉིད་ངེས་པར་བྱ་ཆེད་ལས་མ་འདས། གནས་ཚུལ་འདིའི་ཐོག་ནས་དུས་གསུམ་གྱི་དབྱེ་བ་ཡོད་བཞིན་པར་བདག་གཞན་གྱི་
དབྱེ་བ་གསུངས་དོན་དང༌། སྤྱིར་བདག་གཞན་གྱི་དབྱེ་བ་ཡོང་དགོས་དོན་གཉིས་ཐ་དད་དུ་གོ་བར་བྱ་བ་གལ་ཆེ། རྒྱུ་མཚན་འདི་ཉིད་པྲ་ཏི་
མན་གྱི་བདག་གཞན་གྱི་དབྱེ་བ་བཤད་པའི་གཞུང་ཀུན་ལ་གཅིག་མཚུངས་སུ་སྦྱོར་ཆོག་སྟེ། དེ་དག་ཀུན་གྱིས་བདག་གཞན་ནི་བྱ་བྱེད་ཐ་
དད་པའི་ལས་ལ་ཚང་དགོས་པའི་ཆ་རྐྱེན་ཁོ་ན་བཤད་པའི་ཕྱིར་རོ། །
འོན་ཀྱང་བདག་གཞན་ཞེས་པའི་ཐ་སྙད་འདི་ཉིད་གང་ལ་ཐུག་ཡོད་དམ། ཐ་སྙད་འདིའི་སྲོལ་གཏོད་མཁན་སུ་ཡིན་ནམ། ཞེས་པའི་དྲི་
བ་འདི་གཉིས་སྐབས་འདིར་གལ་ཆེ། དེ་ལ་བདག་གཞན་ཞེས་པའི་ཐ་སྙད་ཀྱི་སྲོལ་འབྱེད་ནི་ཐོན་མི་ཉིད་ཡིན་ལ། ཁུངས་གཏུགས་སའང་
ལེགས་སྦྱར་གྱི་གཞུང་ལས་གཞན་ཞིག་འཇོག་ཐབས་བྲལ། ལེགས་སྦྱར་གྱི་གཞུང་རྣམས་ལས་ཀྱང་སྐབས་དོན་དང་འཚམ་པ་ནི་བརྡ་སྤྲོད་
པའི་གཞུང་འཇོག་རྒྱུ་ལས་མ་འདས། བརྡ་སྤྲོད་པའི་གཞུང་ལས་ཀྱང་སྐབས་འདི་ཉིད་ལས་ཀྱི་རྣམ་གཞག་བཤད་པའི་སྐབས་ཡིན་པར་
བརྟེན། བྱིངས་མདོ་དང་བསྟུན་ནས་གསུངས་ཡོད་པ་གོར་མ་ཆག གུས་པ་ལྟ་རྒྱ་དང་མཐོང་རྒྱ་ཤིན་ཏུ་ཞན་པ་མ་ཟད། ལེགས་སྦྱར་གྱི་བརྡ་
སྤྲོད་པའི་གཞུང་ལུགས་ཀྱི་གོ་རྟོགས་གཉིས་ཀའི་གནས་ཚད་ཤིན་ཏུ་དམན་མོད། བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་དུ་མའི་ཞལ་
ནས་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ཀ་ལཱ་པ་དང༌། ཟླ་བའི་གཞུང་དང༌། དབྱངས་ཅན་མའི་གཞུང་གསུམ་གྱི་ཁྲིད་རྒྱུན་རྣ་ལམ་དུ་ཐོས་
པའི་སྐལ་བ་ཐོབ་པ་དང༌། རང་ཉིད་ཀྱིས་ཀྱང་གཞུང་དེ་དག་ལ་རྒྱུན་དུ་ལྟ་ཀློག་བྱས་པ་ལས། བྱིངས་མདོའི་སྐབས་སུ་བདག་གཞན་གྱི་བརྡ་
ཆད་ཅིག་དང༌། དེ་དང་མཚུངས་པའི་དོན་ཞིག་མཆིས་པ་ནི། ཨཱཏྨནེ་པད྄་དང་པརསྨཻ་པད྄་གཉིས་ལས་གཞན་གང་ཡང་མཐོང་རྒྱུ་མེད། དེ་
གཉིས་ཀྱི་དོན་ནི་རང་ཅག་བོད་ཀྱི་བརྡ་སྤྲོད་པའི་ལུགས་དང་སྦྱར་ན། བྱ་བྱེད་ཐ་དད་དང་མི་དད་ཀྱི་རྣམ་གཞག་ལས་མ་དམིགས། དེ་བཞིན་
བདག་ལ་བརྡ་སྤྲོད་པའི་གཞུང་དང༌། ལྷག་པར་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་ནས་བརྒྱུད་པའི་མཛད་བརྒྱ་དཔག་བསམ་འཁྲི་
ཤིང་གི་ཡལ་འདབ་ཁ་ཤས་ལེགས་བོད་གཉིས་སྦྱར་དང༌། སྙན་ངག་མེ་ལོང་མའི་ལེའུ་དང་པོ་དང་གཉིས་ཀྱི་ཁྲིད་རྒྱུན་བཅས་བསྩལ་བའི་
བཀའ་དྲིན་ཅན་གྱི་མཁས་དབང་རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་མཆོག་གིས་ཀྱང༌། སྐབས་འདིའི་བདག་གཞན་ནི་ལུགས་དེ་དང་
སྦྱར་ན་ལེགས་སྐོར་དང༌། ཁོང་གིས་བརྩམས་པའི་སུམ་རྟགས་ཀྱི་འགྲེལ་པར་ཡང་དེ་ལུགས་ཀྱིས་བཀྲལ་ཡོད། གུས་པར་མཚོན་ན་དེ་ཉིད་
ཁུངས་ཕེར་བའི་གསུང་དུ་གོ

3 སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
དེའི་རྒྱུ་མཚན་ནི། ཐོན་མིས་ཁུངས་མེད་པའི་བརྡ་ཆད་ཅིག་སྐབས་འདིར་སྦྱོར་མི་སྲིད་དེ། བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་བརྡ་ཆད་
གལ་ཆེ་བ་རྣམས་ནི་ལེགས་སྦྱར་གྱི་བརྡ་སྤྲོད་རྣམས་སུ་སྣང་བ་མ་ཟད། ཁག་ཅིག་དོན་ཡང་གཅིག་མཚུངས་སུ་བཞུགས། ཁག་ཅིག་སྐད་
ཀྱི་གཤིས་ཀ་མི་མཚུངས་པའི་དབང་གིས་སྲོལ་གསར་དུ་ཕྱེ། དེས་ན་བདག་གཞན་ནི་སྲོལ་གསར་དུ་ཕྱེ་བ་ཡིན་ནམ། ལེགས་སྦྱར་ནས་དཔེ་
ལེན་མཛད་པ་ཡིན་པ་གཉིས་ཀྱི་ཚུལ་ཐོག་མར་ར་འཕྲོད་པར་བྱ་རྒྱུ་གལ་ཆེ། དེ་ཉིད་རྟོགས་པར་གཞུང་འདིའི་དོན་གྱི་ཁོར་ཡུག་ལ་བལྟ་
དགོས་ཏེ། སྐབས་འདིར་བཤད་པར་བྱ་བ་ནི་ལས་ཀྱི་རྣམ་གཞག་ཡིན་ལ། ལས་ནི་རིགས་ཀྱི་སྒོ་ནས་དབྱེ་ན་བྱ་བྱེད་ཐ་དད་པ་ཞིག་དང༌། བྱ་
བྱེད་ཐ་མི་དད་པ་སྟེ་གཉིས་སུ་ཡོད་པ་འདི་ཉིད་ཐོག་མར་ངོས་འཛིན་མཛད་དགོས་པའང་དགོས་མཁོ་གལ་ཆེ་བ་ཞིག་མིན་ནམ། དེ་ལ་བརྟེན་
ནས་སྐབས་འདིར་བཤད་པའི་བདག་གཞན་ཞེས་པ་དེ་ཉིད་བྱ་བྱེད་ཐ་དད་པའི་ལས་ངོས་འཛིན་ཡོང་བའི་ཆེད་དུ་གསུངས་པ་སྟེ། ལས་གང་
ཞིག་ཁྱོད་ལ་དངོས་པོ་བདག་གཞན་གྱི་དབྱེ་བ་ཡོད་ན་ཁྱོད་བྱ་བྱེད་ཐ་དད་པའི་ལས་ཡིན་པའི་ཕྱིར། དེས་ན་དངོས་པོ་བདག་གཞན་ནི་བྱ་བྱེད་
ཐ་དད་པའི་ལས་ཚིག་ངོ་སྤྲོད་བྱེད་པའི་གཞུང་དུ་ངེས་སོ། །
བྱ་བྱེད་ཐ་མི་དད་པའི་ལས་ཚིག་ནི་གཞུང་འདིར་ཇི་ལྟར་བསྟན་ཞེ་ན། བྱ་བྱེད་ཐ་དད་པའི་ལས་ཚིག་དངོས་སུ་བསྟན་པའི་ཤུགས་ལས་
བྱ་བྱེད་ཐ་མི་དད་པའི་ལས་ཚིག་བསྟན་ཡོད། དེ་ཡང་ལས་ཡིན་ན་བྱ་བྱེད་ཐ་དད་པའི་ལས་ཡིན་པས་མ་ཁྱབ་སྟེ། བྱེད་པ་པོ་གཞན་དངོས་སུ་
མི་སྣང་བའི་ལས་མང་དུ་འབྱུང་བའི་ཕྱིར། དཔེར་ན། ཤིང་བཅད། བཅད་ནས་ཆད། འཁོར་ལོ་བསྐོར། བསྐོར་ནས་འཁོར། ཞེས་པའི་སྐབས་
སུ་སྔ་མ་དག་ནི་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཡིན་མོད། ཕྱི་མ་དག་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བ་སྟེ། སྐབས་དེར་
བྱེད་པ་པོ་གཞན་དངོས་སུ་མི་སྣང་བའི་ཕྱིར། དེ་ལྟ་བུའི་ལས་རྣམས་ནི་བྱ་བྱེད་ཐ་མི་དད་པའི་ལས་ཡིན། ཚུལ་འདིར་ཀུན་མཁྱེན་སི་ཏུ་
མཆོག་གིས། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་འདི་ནི་བྱེད་པ་
པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཡིན་ཏེ། ཞེས་གསུངས་པ་ལྟར། བྱ་བྱེད་ཐ་མི་དད་པའི་ལས་ནི་བྱེད་པ་པོ་གཞན་གྱིས་དངོས་སུ་
སྒྲུབ་པའི་ཚུལ་མི་སྣང་བར། བྱ་བ་འགྲུབ་པའི་ཚུལ་གྱི་རྣམ་པ་གསལ་བ་ཞིག་སྟེ། རྩི་ཤིང་སྐྱེས། མེ་ཏོག་བཞད། སྐུད་པ་ཆད། དཀར་ཡོལ་
ཆག་ཅེས་པ་རྣམས་ཡིན་ཞིང༌། དེ་རྣམས་ལ་རིམ་བཞིན། སྐྱེས་པར་བྱེད་མཁན། བཞད་པར་བྱེད་མཁན། ཆད་པར་བྱེད་མཁན། ཆག་པར་
བྱེད་མཁན་རྣམས་དངོས་སུ་སྟོན་རྒྱུ་མེད། དེ་ཡང་ལས་དེའི་རྣམ་པ་གསལ་བཞིན་པའི་སྐབས་སུ་དེ་ལྟའི་བྱེད་པ་པོ་ཞིག་མེད་པ་ལས། སྤྱིར་
ལས་དེ་ཉིད་འགྲུབ་པར་བྱེད་པའི་རྒྱུར་གྱུར་པའི་བྱེད་པ་རྣམས་བཀག་པ་མིན་ཏེ། མི་ཞིག་གིས་དཀར་ཡོལ་ཞིག་རྐང་བཙུགས་ཏེ་བཅག་
ནས་ཕྱིན་པའི་རྗེས་སུ་མི་ཞིག་གིས་དཀར་ཡོལ་ཆག་པའི་རོ་མ་རྣམས་མཐོང་སྐབས། གཅོག་བཞིན་པའི་རྣམ་འགྱུར་འགག་པའི་དབང་གིས་
དཀར་ཡོལ་ཆག་འདུག་སྙམ་པའམ། ཡང་ན་དཀར་ཡོལ་ཆག་པ་འདི་ཉིད་སུ་ཞིག་གིས་བཅག་ཅེས་སེམས་པར་འགྱུར་བ་དང༌། རྫ་མཁན་
ཞིག་གིས་རྫ་མ་བཟོ་སྐབས། རང་གི་མདུན་གྱི་རྫ་མ་བཟོ་བྱེད་ཀྱི་འཁོར་ལོ་དྲག་ཏུ་བསྐོར་རྗེས་ལག་པ་གཉིས་ཀྱིས་རྫ་མའི་རྣམ་པ་གང་ཐོན་
ལ་འབད་པའི་སྐབས་མི་ཞིག་གིས་ཚུལ་དེ་མཐོང་ན། རྫ་མཁན་གྱི་འཁོར་ལོ་འཁོར་ཞེས་བརྗོད་པ་ལས། རྫ་མཁན་གྱིས་འཁོར་ལོ་བསྐོར་
ཞེས་མི་བརྗོད་དེ། སྐབས་དེར་རྫ་མཁན་གྱིས་འཁོར་ལོ་སྐོར་བའི་རྣམ་པ་མི་གསལ་བའི་ཕྱིར། འདི་དག་ནི་རྒྱུ་དུས་ཀྱི་བྱ་བྱེད་ཐ་དད་པའི་
ལས་རྣམས་འབྲས་དུས་སུ་བྱ་བྱེད་ཐ་མི་དད་པའི་རྣམ་པར་འཕོས་པ་ཙམ་ལས། ལས་དེའི་ལས་རྒྱུ་དུས་སུ་བྱེད་པ་པོ་གཞན་མེད་པ་མིན་པའི་
ཚུལ་ཡང་མཁྱེན་གལ་ཆེ།

4 སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
དེ་བཞིན་བྱེད་པ་པོ་གཞན་མེད་པར་རང་གི་འབྱུང་བའི་གནས་བབ་ཀྱིས་ལས་འགྲུབ་པའང་ཡོད་དེ། རྩྭ་སྐྱེས་དང༌། ལང་ཚོ་རྒྱས་དག་ནི་
དེ་ལྟར་སྐྱེས་པ་དང་རྒྱས་པར་བྱེད་པའི་བྱེད་པ་པོ་གཞན་མེད་ཀྱང༌། ལས་དེ་དག་གི་རྣམ་པར་སྐྱེད་པ་ཡིན་པ་དང༌། བྱེད་པ་པོ་ཡོད་ཀྱང་བྱེད་
པ་པོ་གཞན་མེད་པའི་བྱ་བྱེད་ཐ་མི་དད་པའི་ལས་ཤིག་ཀྱང་ཡོད་དེ། དཔེར་ན། བདག་འགྲོ། མདུན་དུ་སྐྱོད་ཅེས་པ་དག་ནི་འགྲོ་བ་པོ་དང་
སྐྱོད་པ་པོ་ནི་ཡོད་མོད། དེ་དག་ནི་སྐབས་དེར་ལས་དེའི་བྱེད་པ་པོ་ཡིན་ཡང་བྱེད་པ་པོ་གཞན་མིན་ཏེ༑ སྐྱོད་པ་དང་འགྲོ་བའི་བྱ་བ་རྣམ་པར་
གསལ་བའི་གཞི་དེ་ལས་ཐ་དད་དུ་གྱུར་པ་མ་ཡིན་པའི་ཕྱིར། གང་གི་གནས་ཚུལ་དེ་དག་ལ་བརྟེན་ནས་བྱ་བྱེད་ཐ་མི་དད་པའི་ལས་ནི་མདོར་
བསྡུས་ནས་བཤད་ན། བྱ་བྱེད་ཀྱི་ལས་གཉིས་སོ་སོར་འབྱེད་དུ་ཡོད་དང་མེད་པའི་སྒོ་ནས་བཞག་པ་ལས་མ་འདས། བྱ་བྱེད་ཀྱི་རྣམ་འགྱུར་
སོ་སོར་འབྱེད་རྒྱུ་མེད་པའི་ལས་ཡིན་ན་བྱ་བྱེད་ཐ་མི་དད་པའི་ལས་ཡིན་པས་ཁྱབ་པའི་ཕྱིར་རོ། །སྐབས་འདིར་བསམ་དགོས་པ་ཞིག་ནི།
རང་ཉིད་དང་རང་ཉིད་ཀྱི་ལུས་ཀྱི་ཆ་ཤས་རྣམས་རང་ཉིད་དང་འབྲེལ་ཡང༌། ལུས་ཀྱི་ཆ་ཤས་རྣམས་ལ་བྱ་བའི་རྣམ་འགྱུར་གསལ་སྐབས་བྱ་
བྱེད་ཐ་དད་དུ་སྣང་བ་ཡོད་དེ། ལག་པ་སྐུམ། རྐང་པ་བརྐྱངས། ཁ་གདངས་སོགས་ནི། ངས་ལག་པ་སྐུམ། ངས་རྐང་པ་བརྐྱངས། ངས་ཁ་
གདངས་ཞེས་བརྗོད་དགོས་པས། སྐབས་དེར་བྱ་བྱེད་ཐ་དད་པའི་ལས་ཡིན། དེ་དག་ནི་སྐུམ་པ་པོ་དོན་གྲུབ་དང་བསྐུམ་བྱའི་ལག་པ་སོགས་
བྱ་བྱེད་ཀྱི་རྣམ་འགྱུར་ཐ་དད་དུ་གསལ། འདིས་མཚོན་ནས་བྱ་བྱེད་ཐ་དད་དང་མི་དད་པའི་ཚུལ་ཇི་བཞིན་ཤེས་པར་བྱ་རྒྱུ་ནི་གལ་ཆེའོ། །
དུས་གསུམ་ནི། བྱ་བྱེད་ཐ་དད་དང་མི་དད་པའི་ལས་གང་ཡིན་ཡང༌། ལས་ཀྱི་རྣམ་པ་གསལ་བར་འགྱུར་བ། གསལ་བཞིན་པ། གསལ་
བར་གྱུར་པ་བཅས་སུ་ཡོད་པས། གསལ་བར་འགྱུར་བའི་ལས་གང་ཡིན་པ་དེ་ནི་མ་འོངས་པ་དང༌། གསལ་བཞིན་པ་ནི་ད་ལྟ་བ་དང༌།
གསལ་བར་གྱུར་པ་ནི་འདས་པ་ཡིན་པས་ལས་ཡིན་ན་དུས་གསུམ་གྱི་ཁོངས་སུ་བསྡུ་ནུས། སྐབས་འདིར་ཤེས་པར་བྱ་དགོས་པ་ཞིག་ནི།
སྐད་ཡིག་གཞན་གྱི་བརྡ་སྤྲོད་པའི་གཞུང་དུ་དུས་གསུམ་བརྗོད་པ་ལ་བརྟེན་ནས་བཟོ་ཚུལ་སོགས་མང་དུ་སྣང་ཡང༌། བོད་ཀྱི་བརྡ་སྤྲོད་པའི་
གཞུང་དང་སྐད་ཀྱི་གཤིས་ཀར་གྲུབ་པ་ནི། ལས་ཚིག་རང་སྟེང་ནས་དུས་གསུམ་གྱི་རྣམ་འགྱུར་གསལ་བར་བརྟེན། བརྗོད་པའི་ཐོག་ནས་
དུས་གསུམ་སྒྲུབ་པའི་ངལ་བ་བརྟེན་མི་དགོས་པ་དང༌། ལྷག་པར་སྐད་ཡིག་གཞན་གྱི་བརྡ་སྤྲོད་པའི་ལད་ཟློས་དེ་ལས་ཀྱང་བྱེད་མི་དགོས།
སྤྱིར་སྐྱེས་བུའམ་དེང་སྐབས་གང་ཟག་ཅེས་ཀྱང་བརྗོད། སྐྱེས་བུ་མཆོག་དང༌། བར་མ། མཐའ་མ་ཞེས་པ་སོགས་ལ་བརྟེན་ནས་ལས་ཚིག་
བཀོལ་སྤྱོད་བྱེད་སྟངས་དང༌། དེ་ལུགས་ཀྱི་རྐྱེན་གྱི་རྣམ་འགྱུར་མང་ཤོས་དང༌། ཟབ་ཤོས་ནི་ལེགས་སྦྱར་གྱི་བརྡ་སྤྲོད་ཡིན་ལ། ཐོན་མིས་
གཞུང་དེ་ལ་ཞིབ་ཏུ་སྦྱངས་མོད། བོད་ཀྱི་བརྡ་སྤྲོད་པའི་གཞུང་གཏན་ལ་ཕབ་དུས། དེའི་ཚུལ་རིང་དུ་དོར་བ་དེ་ལ་ཞིབ་ཏུ་བསམ་དགོས།
གལ་སྲིད་བོད་སྐད་ཀྱི་གཤིས་ཀར་དེ་ལུགས་ཀྱི་རྣམ་འགྱུར་ཡོད་ན། ཐོན་མིས་དེའི་ཚུལ་ཇི་བཞིན་གཏན་ལ་ཕབ་པ་གོར་མ་ཆག འོན་ཀྱང་
བོད་ཀྱི་སྐད་ལ་མེད་པས་དེ་དག་དོར་བ་ཡིན་པ་ལས་ཐོན་མིས་མ་མཁྱེན་པ་མིན་པར་བརྟེན། དེ་ལྟའི་ལམ་ལུགས་བཙན་སྦྱོར་དང༌། ལྷག་
པར་དུས་ལ་བཅུ་དང་བཅུ་དྲུག་སོགས་མང་དུ་ཕྱེ་བ་ལ་དགོས་པ་གང་ཡང་མེད་ཅེས་བརྗོད་འདོད་ཀྱང་བྱུང༌།
ང་ཚོས་བློ་ངོར་ངེས་དགོས་པ་ཞིག་ནི། མིང་རྐྱང་ལ་དུས་གསུམ་གྱི་དབྱེ་བ་མི་འབྱེད་པའི་དོན་ཡིན། མིང་རྐྱང་གིས་བསྙད་ཡུལ་དུ་གྱུར་
པའི་དངོས་པོའམ་དོན་ནི། ལས་མིན་པར་བརྟེན་འཕོ་འགྱུར་གྱི་རྣམ་པ་མེད་པས་མིང་རྐྱང་ལ་དུས་གསུམ་གྱི་རྣམ་གཞག་མི་འདོད་མོད།
འོན་ཀྱང་མིང་རྐྱང་གིས་བསྙད་ཡུལ་གྱི་དངོས་པོ་རྣམས་ནི་མི་རྟག་པ་མ་ཡིན་ནམ་ཞེ་ན། དེའི་སྟེང་གི་མི་རྟག་པའི་ཆ་གྱུར་པའི་སྐད་ཅིག་སྐད་
ཅིག་ལ་འགག་པའི་ཚུལ་དེ་ཡང་ལས་ཡིན་པ་ལས་མིང་རྐྱང་གིས་བསྙད་ཡུལ་མིན། དེས་ན་མིང་རྐྱང་གིས་བསྙད་ཡུལ་གྱི་དངོས་པོ་རྣམས་
ཀྱི་སྟེང་ན་ལས་ཀྱི་རྣམ་འགྱུར་དུས་གཅིག་ལའང་རྣམ་པ་མང་པོ་ཞིག་སྐྱེད་བཞིན་པ་ནི་ཀུན་གྱིས་མཐོང་གསལ་ལགས། རྒྱུ་མཚན་འདི་ལ་

5 སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
བརྟེན་ནས་དབུ་མ་སོགས་གཞུང་ཆེན་རྣམས་སུ་གསུངས་པའི་དུས་གསུམ་དང༌། སྐབས་འདིར་བཤད་པའི་དུས་གསུམ་གཉིས་ཀྱི་ཁྱད་པར་
ཇི་བཞིན་རྟོགས་དགོས། འོན་ཀྱང་དབུ་མ་སོགས་གཞུང་ཆེན་རྣམས་ནས་དངོས་པོ་རྣམས་ལ་དུས་གསུམ་དུ་འཇོག་པའང་དོན་ལ་དེའི་སྟེང་
གི་འགྱུར་བའི་ཆ་དང་སྦྱར་ཡོད་པས། དེས་ན་སྐབས་འདི་དང་འབྲེལ་མེད་ལྟ་བུ་མིན། དེང་སྐབས་ཀྱི་བརྡ་སྤྲོད་སྨྲ་བ་རེ་ཟུང་གིས་གཞུང་ཆེན་
ནས་གསུངས་པའི་དུས་གསུམ་དང་སྐབས་འདིར་བཤད་བཞིན་པའི་དུས་གསུམ་གཉིས་ནི་འགལ་བ་ལྟ་བུར་བཤད་མཁན་ཡང་སྣང༌།
སྐབས་འདིའི་དུས་གསུམ་དང་གཞུང་ཆེན་ནས་བཤད་པའི་དུས་གསུམ་གཉིས་ལ་བརྗོད་གཞིའི་ཆ་ནས་ཁྱད་པར་ཡོད་དེ། གཅིག་ནི་དོན་ལ་
སྦྱར་བ་དང༌། གཅིག་ནི་རྗོད་བྱེད་ལ་སྦྱར་ཡོད་མོད། གཞུང་ཆེན་ནས་གསུངས་པའི་དུས་གསུམ་གྱི་རྣམ་འགྱུར་རྗོད་བྱེད་དུ་ཕབ་སྐབས།
སྐབས་འདིའི་དགོངས་པ་ཇི་བཞིན་ཕབ་རྒྱུ་ལས་ལམ་ཁ་གཉིས་པ་ཞིག་ཡེ་ནས་མེད་པར་བརྟེན། དེ་གཉིས་ལ་འབྲེལ་བའང་དམ་པོ་ཞིག་
ཡོད་པའང་མཁྱེན་དགོས། སྤྱིར་རྗོད་བྱེད་ཚིག་གི་དོན་མ་ཤེས་པར་བརྗོད་བྱའི་དོན་ཤེས་ཟེར་ན། དགོད་བྲོ་བའི་གཏམ་རྒྱུད་ཅིག་ལས་མ་
འདས། དེ་ནི་བརྗོད་བྱའི་དོན་གང་ཡིན་པ་དེ་ནི་རྗོད་བྱེད་ཚིག་ལ་བརྟེན་ནས་གྲུབ་པའི་ཕྱིར། དཔེར་ན། ང་མི་ཡིན་ཞེས་བརྗོད་པའི་སྒྲའི་དོན་ནི་
རང་ཉིད་མི་ཡིན་པར་བསྟན་པ་ཡིན་ལ། སྒྲ་དོན་མ་ཤེས་པར་སྐབས་དེའི་དོན་ཤེས་ཞེས་བརྗོད་ན། བླུན་པོའི་མུ་ཅོར་ལས་མ་འདས། ཚུལ་དེར་
ལོ་ཙཱ་བ་ཆེན་པོ་ལྕེ་ཁྱི་འབྲུག་གིས། སྡུག་བསྔལ་འཇོམས་བྱེད་དམ་ཆོས་རིན་པོ་ཆེ། །རྟོགས་དཀའ་གསུང་རབ་རྒྱ་མཚོ་དག་ལ་གནས། །ཡི་
གེ་མིང་དང་ཚིག་གི་འབྲུ་བཙུགས་ཏེ། །སྒྲ་ཡི་དར་ཕྱར་ཤེས་རབ་རླུང་གིས་བསྐྱོད། །དམ་ཆོས་ཐོབ་བྱེད་གཞན་དུ་ཐབས་མེད་དོ། །ཞེས་
གསུངས་པ་ལས་མ་འདས་སོ། །
བྱ་བྱེད་ལས་གསུམ་ནི། མི་ཞིག་གིས་ཤིང་གཅོད་པའི་བྱ་བ་བྱེད་པའི་སྐབས་སུ་དེའི་བྱ་བྱེད་ལས་གསུམ་དངོས་སུ་སྣང་སྟེ། ཤིང་གཅོད་
པ་པོ་ནི་བྱེད་པ་པོ་ཡིན་ཞིང༌། ཤིང་ནི་ལས། གཅོད་པ་ནི་བྱ་བ་ཡིན་པས་དེ་གསུམ་ལ་བྱ་བྱེད་ལས་གསུམ་ཞེས་བརྗོད་དེ། མཁས་པའི་དབང་
པོ་དམུ་དགེ་བསམ་གཏན་མཆོག་གིས། བྱ་བྱེད་ལས་གསུམ་ནི། དཔེར་ན། བཟོ་བ་ཞིག་གིས་འཕྲུལ་འཁོར་ཞིག་བཟོ་བའི་ཚེ། འཕྲུལ་འཁོར་
བཟོ་བ་བྱ་བ། བཟོ་བ་ཁོ་རང་བྱེད་པ་བོ། འཕྲུལ་འཁོར་ལས་ཡིན་ཏེ། ཞེས་གསུངས་པ་དང༌། དེ་བཞིན་རྡོ་རྗེ་རྒྱལ་པོས། ལས་སམ་བྱ་བ་གང་
ཞིག་བྱེད་རུང༌། ལས་ཀ་དེ་ལ་བྱ་བ་ཟེར་ཞིང༌། འདིར་ཚིག་སྡུད་ཀྱིས་བསྟན་པའི་བྱ་ཞེས་པ་དེ་དང་གཅིག ལས་ཀའམ་བྱ་བ་བྱེད་མཁན་དེ་
ལ་བྱེད་པ་པོའམ་བྱེད་པ་ཟེར་ཞིང༌། འདིར་ཚིག་སྡུད་ཀྱིས་བསྟན་པའི་བྱེད་ཅེས་པ་དེ་དང་གཉིས། བསྒྲུབ་བྱའི་དོན་ནམ་བྱ་རྒྱུའི་ལས་ཀ་དེར་
བྱ་བའི་ཡུལ་ལམ་ལས་ཟེར་ཞིང༌། འདིར་ཚིག་སྡུད་ཀྱིས་བསྟན་པའི་ལས་ཞེས་པ་དེ་དང་གསུམ་མོ། །ཞེས་གསུངས་པ་ལྟར་ལགས། དེས་ན་
བྱ་བྱེད་ལས་གསུམ་གྱི་རྣམ་འགྱུར་སོ་སོར་སྣང་དུ་ཡོད་པ་ནི་བྱ་བྱེད་ཐ་དད་པའི་ལས་སུ་འཇོག སྐབས་འདིའི་བྱེད་པ་པོའམ་བྱེད་པ་ནི་བྱ་བ་
ཞིག་གི་རྣམ་འགྱུར་གསལ་བར་བྱེད་པའི་ནུས་པ་འདོན་མཁན་དེ་ཡིན་ཞིང༌། དེར་གང་ཟག་ཁོ་ནས་མ་ངེས་ཏེ། རླུང་གིས་ཤིང་བཅག ཆུ་
ཡིས་གྲོང་ཁྱེར་བརླགས་སོགས་མང་དུ་འབྱུང་བ་དང༌། སྐབས་འདིའི་ལས་ནི་བྱ་བའི་ཡུལ་ཡིན་མོད། ཕྱོགས་གཅིག་ནས་བོད་ཀྱི་རྣམ་དབྱེ་
གཉིས་པའི་ཡུལ་ལ་འཇོག་རུང་ཡང༌། ཕྱོགས་གཅིག་ནས་མི་རུང་སྟེ། དཔེར་ན། ཁྱི་ལ་བརྡུང་ཞེས་པའི་ཁྱི་ནི་རྣམ་དབྱེ་གཉིས་པའི་ཡུལ་ཡིན་
པ་གང་ཞིག་བྱ་བྱེད་ལས་གསུམ་གྱི་ལས་ཀྱང་ཡིན་མོད། ནགས་སུ་ཤིང་བཅད་ལྟ་བུའི་སྐབས་སུ། ནགས་ནི་རྣམ་དབྱེ་གཉིས་པའི་བྱ་བའི་
ཡུལ་ཡིན་ཡང༌། བྱ་བྱེད་ལས་གསུམ་གྱི་ལས་མིན་ཏེ། བྱ་བྱེད་ལས་གསུམ་གྱི་ལས་ནི་ཤིང་ཡིན། དེ་ནི་གཅད་པར་བྱ་བ་ནི་ཤིང་ལས་མ་
འདས། གནས་ཚུལ་འདིའི་ཐོག་ནས་རྣམ་དབྱེ་གཉིས་པའི་ཡུལ་དང་བྱ་བྱེད་ལས་གསུམ་གྱི་ལས་གཉིས་ཀྱི་ཁྱད་པར་ཇི་བཞིན་ཤེས་དགོས།
དེ་ཇི་བཞིན་མ་ཤེས་པར། རྟགས་འཇུག་གི་བྱ་བའི་ཡུལ་དང༌། རྣམ་དབྱེ་གཉིས་པའི་བྱ་བའི་ཡུལ་ཞེས་སོ་སོར་བརྗོད་མོད། དོན་ལ་དེ་གཉིས་

6 སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
ཀྱི་ཁྱད་པར་འབྱུང་དགོས་དོན་གང་ཡིན་མ་ཤེས་ན། དེ་ལྟར་བཤད་པས་སློབ་མ་རྣམས་ཀྱིས་དེ་གཉིས་ཀྱི་ཁྱད་པར་ཤེས་མི་ནུས། དེས་ན་
རྟགས་འཇུག་གི་སྐབས་ནས་བཤད་པའི་བྱ་བའི་ཡུལ་ནི་བྱ་བྱེད་ལས་གསུམ་གྱི་ལས་ཡིན་པ་དང༌། རྣམ་དབྱེ་གཉིས་པའི་སྐབས་སུ་སུ་
སོགས་ལས་ཡོད་ཚད་ལ་སྦྱར་དུ་མེད་པ་ནི་སྐད་ཀྱི་གཤིས་ཀ་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས་ཀུན་མཁྱེན་སི་ཏུས། དེ་བཞིན་དུ་བུམ་པར་
ཆུ་བླུགས་ཞེས་པ་ལྟ་བུ་བུམ་པ་ལ་བྱ་བ་བླུགས་པའི་ཡུལ་ཡིན་པས་གཉིས་པའམ་ཆུ་བརྟེན་པའི་ཆ་ནས་གནས་གཞི་སྟེ་རྣམ་དབྱེ་གཉིས་གང་
རུང་འཇུག་ཅིང༌། ཆུ་ནི་བླུགས་པར་བྱ་རྒྱུའི་ལས་ཉིད་ཡིན་པས་དེ་ཉིད་ཀྱི་དོན་ལ་རྣམ་དབྱེ་གཉིས་པ་ཁོ་ན་འཇུག་མོད། ཕྱི་མ་འདི་རིགས་ཀྱི་
རྣམ་དབྱེ་བོད་སྐད་ལ་མེད་པ་མང་ངོ༌། །ཞེས་གསུངས་པ་ལྟར་ལགས།
བྱ་བྱེད་ལས་གསུམ་གྱི་རྣམ་འགྱུར་སོ་སོར་མི་སྣང་བ་ནི། བདག་འགྲོ་ཞེས་པ་ལྟ་བུ་སྟེ། བདག་ནི་འགྲོ་བ་པོ་སྟེ་བྱེད་པ་པོ་དང༌། འགྲོ་ནི་
བྱ་བ། འགྲོ་བའི་ལས་ནི་བདག་ལས་མ་འདས། དེས་ན་སྐབས་འདིར་ལས་དང་བྱེད་པོ་སོ་སོར་མེད་པས་བྱ་བྱེད་ལས་གསུམ་སོ་སོར་དབྱེ་
ཐབས་བྲལ། དེ་ལ་བརྟེན་ནས་དབྱངས་ཅན་གྲུབ་པའི་རྡོ་རྗེ་མཆོག་གིས། འགྲོ་བ་པོ་དང་འགྲོ་བར་བྱེད། །ཅེས་སོགས་བདག་དོན་ཕལ་བ་
དང༌། །ཞེས་གསུངས། དེ་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེ་མཆོག་གིས་འགྲོ་ཞེས་བརྗོད་པའི་སྐབས་སུ་འགྲོ་མཁན་བྱེད་པ་པོ་ཡོད་ཀྱང༌། དེ་
ཉིད་འགྲོ་བར་བྱ་བའི་རྣམ་འགྱུར་གསལ་སའི་གཞི་དེ་ཉིད་ལས་ཐ་དད་པར་མི་སྣང་བའི་དབང་གིས་བདག་དོན་ཕལ་བ་སྟེ། གཞན་མེད་པའི་
བདག་ཡིན་པར་གཟིགས་ཤིང་དེ་ལ་བརྟེན་ནས་མིང་ཡང་དེ་ལྟར་བཏགས། འོན་ཀྱང་བྱ་བྱེད་ལས་གསུམ་གྱི་རྣམ་འགྱུར་གཞི་གཅིག་གི་སྟེང་
དུ་གནས་ཡོད་པ་རྣམས་ལ་བྱ་བྱེད་ལས་གསུམ་གྱི་དབྱེ་བ་མི་མཛད་དེ། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། བདག་
གཞན་ཤེས་པ་ལ་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཤེས་དགོས། ཞེས་དང༌། མཁས་དབང་རྡོ་རྗེ་རྒྱལ་པོས། བྱ་བྱེད་ཐ་དད་པའི་ནང་གསེས་
ཕྱེ་ན་དངོས་པོ་བདག་གཞན་དང༌། བྱ་བྱེད་ལས་གསུམ་བཅས་སུ་དབྱེ་རྒྱུ་ཡོད། ཞེས་པ་སོགས་ལ་བརྟེན་ནས་བྱ་བྱེད་ཐ་མི་དད་པའི་ལས་
ཚིག་རྣམས་ལ་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་མེད། དེས་ན་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་བཤད་དུ་རུང་བ་ནི། བྱ་བྱེད་ཐ་དད་པའི་
ལས་རྣམས་ཡིན་ཞིང༌། བྱ་བྱེད་ཐ་དད་པའི་ལས་ཀྱི་བྱ་བའི་ཡུལ་ནི་ལས་ཡིན་ལ། ལས་དེར་བྱ་བའི་རྣམ་འགྱུར་གསལ་བར་བྱེད་པའི་གཞི་དེ་
དང་ཐ་དད་པའི་རྐྱེན་གྱི་ནུས་པ་དངོས་སུ་འདོན་མཁན་དེར་བྱེད་པ་ཞེས་བརྗོད་པ་དང༌། དེ་ལྟའི་ཕྱོགས་གཉིས་ཀའི་ངོས་སུ་གསལ་བའི་བྱ་
བའི་རྣམ་པ་སྟེ། བྱེད་ལས་དང་བྱ་ལས་གཉིས་ལ་བྱ་བ་ཞེས་སུ་བརྗོད་པ་ཡིན། དཔེར་ན། ཤིང་གཅོད་པ་ལྟ་བུ་ལ། ཤིང་ནི་ལས་ཡིན་པ་དང༌།
གཅོད་པ་པོ་ནི་བྱེད་པ་པོ་དང༌། གཅོད་བྱེད་ཀྱི་སྟ་རེ་ནི་བྱེད་པ་དང༌། གཅོད་པ་པོ་དང་གཅོད་བྱེད་ངོས་ཀྱི་རྩོལ་བའི་རྣམ་འགྱུར་བྱེད་ལས་དང༌།
གཅད་བྱའི་ཤིང་གི་ངོས་སུ་སྣང་བའི་དུམ་བུར་སོང་བའི་ཆ་ནི་བྱ་ལས་ཏེ། དེ་གཉིས་ལ་བྱ་བ་ཞེས་ངོས་འཛིན་དགོས་སོ། །
སྐུལ་ཚིག་ནི་རྟགས་ཀྱི་འཇུག་པའི་རྩ་བའི་གཞུང་ནས་དངོས་སུ་བསྟན་མེད། དེ་ཡང་ཀུན་མཁྱེན་སི་ཏུས། རྗེས་འཇུག་རྣམས་སྐུལ་ཚིག་
ལ་འཇུག་པའི་ཚུལ་ནི། གཞུང་འདིའི་དངོས་ཤུགས་གཉི་གར་མ་བསྟན་པས་བཤད་བྱར་མ་གྱུར་མོད། འོན་ཀྱང་དེའི་རྣམ་གཞག་ཞར་ལས་
རྟོགས་པར་བྱ་བའི་ཕྱིར། ཞེས་གསུངས་པ་དང༌། དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་རབ་གསལ་མེ་ལོང་དུ། བྱེད་ལས་སུ་གཏོགས་སྐུལ་
ཚིག་ནི། །མ་འོངས་པ་ཡིན་བྱ་ལས་ལ། །ཞེས་གསུངས་པ་དང༌། ཡང་དམ་པ་དེའི་གསུང་རྟགས་ཀྱི་འཇུག་པའི་དཀའ་གནད་བདག་གཞན་
དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཞིབ་ཏུ་ཕྱེ་བ་ཞེས་པ་ལས། འདིའི་འདས་པ་དང་མ་འོངས་པ་གཉིས་བྱ་བའི་ལས་དང༌། ད་ལྟ་བ་དང་
སྐུལ་ཚིག་གཉིས་བྱེད་པའི་ལས་སུ་གཏོགས་ལ། ཞེས་གསུངས་པ་དང༌། དེ་བཞིན་མཁས་དབང་རྡོ་རྗེ་རྒྱལ་པོས། ལྟོས་ཤིག་ལྟ་བུའི་སྐུལ་
ཚིག་ནི་བྱེད་པ་པོ་སྐུལ་བྱེད་ཀྱི་ཚིག་ཡིན་པས་བྱེད་ལས་སུ་གཏོགས་ཤིང༌། དངོས་པོ་བདག་གཞན་གཉིས་ཀྱི་ནང་ནས་བདག་དང༌། དུས་

7 སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
གསུམ་གྱི་ནང་ནས་མ་འོངས་པར་གཏོགས་སོ། །ཞེས་གསུངས། དེས་ན་རྟགས་འཇུག་གི་གཞུང་དུ་སྐུལ་ཚིག་མ་བསྟན་པའི་གནད་འགག་
གང་ལ་ཐུག་ཡོད་དམ། སྐུལ་ཚིག་ནི་ལས་ཡིན་ནམ་མིན་པ་སོགས་ལ་དཔྱད་ན། སྐུལ་ཚིག་ནི་རྟགས་འཇུག་ཏུ་མ་བསྟན་པའི་དོན་ནི། བདག་
གཞན་དུས་གསུམ་དངོས་སུ་བསྟན་པ་ལ་བརྟེན་ནས་རྟོགས་ནུས་པའམ་རྟོགས་སླ་བར་དགོངས་པར་ཟད་དེ། སྐབས་དེར་སྐུལ་ཚིག་གི་རྣམ་
འགྱུར་སྐད་གདངས་ན་ཇི་བཞིན་བཞུགས་པར་བརྟེན། དེ་ཉིད་རྟོགས་མི་ནུས་པ་ཞིག་ལ་མ་དགོངས་པར་ཟད་པའམ། ཡང་ན་རྟགས་འཇུག་
གི་ཆ་ཤས་ཤིག་ཆད་པར་སྣང་སྟེ། ཡང་འཇུག་གི་རྟགས་ཀྱི་དབྱེ་བ་དང་འཇུག་ཚུལ་ཟུར་དུ་བཞུགས་པ་ཆད་པ་གཉིས་ལས་བྱུང་བར་མངོན།
འདི་གཉིས་ཀྱི་གང་ཡིན་ལ་ཞིབ་ཏུ་དཔྱད་དགོས་པ་དང༌། གསུང་རབ་ཁག་ཏུ་བཞུགས་པའི་སྐུལ་ཚིག་གི་རྣམ་འགྱུར་ལ་ཡང་ཞིབ་ཏུ་ལྟ་
རྟོགས་དགོས་ལ་གལ་ཆེ། སྤྱིར་བོད་ཀྱི་བརྡ་སྤྲོད་པའི་གཞུང་ཆེན་གཉིས་ལས་ཅུང་ཟད་རྙོག་དྲ་ཆེ་བ་ནི་རྟགས་ཀྱི་འཇུག་པའི་གཞུང་དང༌། དེ་
ལས་ཀྱང་ལས་ཚིག་གི་རྣམ་གཞག་བཤད་པའི་སྐབས་འདི་ཉིད་ཡིན། དེའི་དོན་ནི་ལས་ཚིག་གི་རྣམ་པ་མང་བ་མ་ཟད། བཀོལ་སྤྱོད་བྱ་
སྟངས་ཀྱང་ཤིན་ཏུ་མང༌། འདིའི་ཚུལ་ཚིགས་བཅད་རྐང་པ་བཞི་ལས་མ་གསུངས་པར་བརྟེན། ལས་ཚིག་བཀོལ་སྤྱོད་བྱ་སྟངས་ལ་སྔོན་དུས་
སུ་གཅིག་གྱུར་མ་བྱུང་བ་དང༌། དེ་ལ་བརྟེན་ནས་གཞུང་འདིའི་དགོངས་འགྲེལ་ཐད་ལའང་གཅིག་མཐུན་མིན་པའི་འགྲེལ་སྲོལ་བྱུང༌། འོན་
ཀྱང་ཀུན་མཁྱེན་སི་ཏུའི་དགོངས་འགྲེལ་གྱི་བསྟན་བཅོས་བྱུང་བའི་རྗེས་སུ་རིམ་པར་གཅིག་མཐུན་དུ་གྱུར་མོད། ད་དུང་དོན་གནད་ཁ་ཤས་
ལ་འགྲེལ་སྲོལ་ཐ་དད་ཡོད་པ་དང༌། ལྷག་པར་གཞུང་ངོས་སུ་མི་གསལ་ཞིང་ལག་ལེན་དུ་མཁོ་བ་འདིའི་རིགས་ད་དུང་ཇི་བཞིན་ཐག་གཅོད་
མ་ཐུབ་པར་ལུས་ཡོད་པའང་མཁྱེན་གལ་ཆེ། དེས་ན་སྐབས་འདིར་ཤེས་དགོས་པ་ནི། སྐུལ་ཚིག་ཐོབ་དང་མི་ཐོབ་པའི་ས་མཚམས་ཡིན། བྱ་
བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་སྐུལ་ཚིག་ཐོབ་པས་ཁྱབ་སྟེ། ཁྱོད་ཀྱི་རྣམ་འགྱུར་སྐྱེད་པར་བྱེད་པའི་བྱེད་པ་པོ་ཡོད་པ་དང༌། བྱ་བྱེད་
ཐ་མི་དད་པའི་ལས་ཚིག་ཡིན་ན། བྱེད་པ་པོ་དང་འབྲེལ་བའི་ལས་ཚིག་ལ་སྐུལ་ཚིག་ཐོབ་མོད། བྱེད་པ་པོ་དང་མ་འབྲེལ་བའི་ལས་ཚིག་ལ་
སྐུལ་ཚིག་མི་ཐོབ་སྟེ། དཔེར་ན། ལོ་ཏོག་སྐྱེས་ཤིག་ཅེས་མི་བརྗོད་པར་ལོ་ཏོག་སྐྱེས་པར་གྱུར་ཅིག་ཅེས་དང༌། ཤིང་ལ་བལྟས་ཏེ་ཤིང་ཁྱོད་
སྐོམས་ཤིག་མི་བརྗོད་པར་ཤིང་བསྐམ་པར་གྱུར་ཅིག་ཅེས་བརྗོད་པ་དང༌། དེ་བཞིན་བྱེད་པ་པོ་དང་འབྲེལ་བའི་བྱ་བྱེད་ཐ་མི་དད་པའི་ལས་ལ་
སྐུལ་ཚིག་ཐོབ་པ་ནི། དཔེར་ན༑ སོང་ཞིག མདུན་དུ་བསྐྱོད་ཅིག་ཅེས་བརྗོད་པ་བཞིན་ནོ། །
སྐུལ་ཚིག་མང་ཆེ་བ་ད་ས་གཉིས་ཀྱི་ཡང་འཇུག་ལས་གྲུབ། རྒྱུ་མཚན་འདི་ལ་བརྟེན་ནས་ཡང་འཇུག་འཇུག་རུང་གི་ལས་ཚིག་ཡིན་ན།
ཁྱོད་ཀྱི་སྐུལ་ཚིག་ལ་ཡང་འཇུག་ཐོབ་པའི་ཁྱབ་པ་ལྟ་བུར་སྣང༌། རྒན་པདྨ་རྒྱལ་མཚན་མཆོག་གིས་སྐུལ་ཚིག་ལ་ཁྱད་ཆོས་བཞི་དང་
གསུམ་སོགས་གསུངས་ཡོད། དེ་ཡང་སྐུལ་ཚིག་གི་མིང་གཞི་ཕལ་ཆེ་བ་མ་ནིང་ཡིན་པ་དང༌། དབྱངས་ལྡན་ཡིན་ན་མང་ཆེ་བའི་དབྱངས་ན་
རོ་ཅན་ཡིན་པ་དང༌། ཕལ་ཆེར་ཡང་འཇུག་དགོས་པ། ཕལ་ཆེར་སྔོན་འཇུག་མེད་པ་ཞེས་གསུངས། དེ་ལ་ཁྱབ་པ་ལྟ་བུ་ཞལ་བཞེས་གནང་
མེད་པ་དང༌། གནང་ཐབས་ཀྱང་མེད་མོད། རགས་ཚོད་ཀྱིས་བལྟས་ན་དེ་ལྟའི་རྣམ་འགྱུར་ཞིག་མངོན་ཐུབ་ཀྱང༌། ད་དུང་ཞིབ་ཏུ་དཔྱད་
དགོས་པ་ལས་རགས་བཤད་འདི་ཙམ་གྱིས་ས་ཆོད་དཀའ་བར་སྣང༌། དེ་ཡང་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས། མགོ་
ཅན་གྱི་སྐུལ་ཚིག་ལ་སྔོན་འཇུག་མི་ཐོབ་པ་ཤུགས་ཆེ་ན་ཡང་སྐུལ་ཚིག་ཡིན་ཚད་ལ་སྔོན་འཇུག་གཏན་མི་ཐོབ་པ་ག་ལ་ཡིན་ཏེ། དཔེར་ན།
སྐུད་པ་དཀྲིས་ཤིག ཞོ་དཀྲུགས་ཤིག ལྷ་རྟེན་ལ་འཇོལ་ཅིག ཁྲིམས་ལ་གཏུགས་ཤིག སིལ་བུར་གཏོར་ཅིག གཞུ་བདུངས་ཤིག གདམས་
ངག་གནོངས་ཤིག ཚད་མས་དཔོགས་ཤིག ཐང་ལ་དབྱུགས་ཤིག འོ་མ་གཞོས་ཤིག ཉེན་ཁ་ལ་གཟོབས་ཤིག ང་ལ་གཡོར་ཅིག ཞུ་བ་ལ་
གསོན་ཅིག ཅེས་གསུངས་པ་འདིའི་ཐོག་ནས་བརྟག་ནའང་གོང་གི་ཚུལ་དེས་ས་རྒྱ་མི་ཆོད་པའི་ཚུལ་ཤེས་ནུས་སོ། །

8 སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།

You might also like